༆ གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་ཚོགས།

TERCHEN DORJE LINGPA ASSOCIATION

Previous
Next

དམིགས་དོན།

གཏེར་ཆེན་རྡོ་རྗེ་གླིང་པ་མཆོག་གི་གདན་ས་དགོན་པ་ཁག་ལུ་བདག་སྐྱོང་དང་ གཏེར་ཆོས་ཚུ་ཉམས་མ་བཅུག་པར་ཡུན་དུ་གནས་ཐབས་ལུ་བརྩོན་ནི།

འཆར་སྣང་།

གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་རྒྱུན་དང་དགོན་སྡེ་ཁག་ཚུ་ མི་ཉམས་གོང་འཕེལ་ཡུན་དུ་གནས་ནི་འདི་ཨིན།

ཞབས་ཏོག

འགྲོ་བ་མིའི་སྤྱི་ཚོགས་ནང་གི་མི་སེར་ ཉམ་ཆུང་ཚུ་ལུ་ ཆོས་དང་ཟང་ཟིང་ག་ཅིའི་ཐད་ལས་འབད་རུང་གྲོགས་རམ་དང་ཞབས་ཏོག་འགྲུབ་ནི།

ན་གཞོན་ཨ་ལོ་ཚུ་ལུ་ནང་པ་སངས་རྒྱས་པའི་ཆོས་ལས་གསུངས་མི་ བཟང་པོའི་བསམ་སྤྱོད་གཉིས་ཀྱི་ཤེས་ཡོན་ཚུ་ ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་སྤེལ་ནི་བཅས་ཨིན།

༄༅། །གཏེར་ཆེན་རྡོ་རྗེ་གླིང་པ་མཆོག་གི་རྣམ་ཐར།

བོད་གངས་ཅན་གྱི་རྒྱལ་ཁབ་ལུ་གསང་སྔགས་རྙིང་མའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མཁས་གྲུབ་ལེ་ཤ་ཅིག་བྱོན་མི་གྲས་ལས། གཏེར་ཆེན་རྡོ་རྗེ་གླིང་པ་ཟེར་མཚན་སྙན་གྲགས་ཕྱོགས་ཡོངས་ལུ་ཁྱབ་མིའི་སྐོར་ལས་མདོར་བསྡུས་ཅིག་ཞུ་བ་ཅིན།

གཏེར་ཆེན་རྡོ་རྗེ་གླིང་པ་ཁོ་རའི་ངོ་ལུ། ཧེ་མ་ལས་སངས་རྒྱས་རྣམ་པར་སྣང་མཛད་སྦེ་སངས་རྒྱས་ཚརཝ་ཨིན་རུང་། གཞན་སེམས་ཅན་གྱི་དོན་ལུ་དགོངས་བཞིནམ་ལས། ང་བཅས་རའི་སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པ་མཆོག་གིས། སྲིན་པོ་ལངྐའི་ཡུལ་ལུ་ལི་ཙ་ཝཱི་དྲི་མེད་གྲགས་པ་ལ་སོགས་པ་ཚུ་ལུ། གསང་སྔགས་ཀྱི་ཆོས་འཁོར་བསྐོར་གནངམ་ད། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྦེ་སྤྲུལ་པ་སྟོན་གནང་ནུག དེ་ལས་རྒྱ་གར་གྱི་རྒྱལ་ཁབ་ནང་སྟོན་པ་ཞལ་བཞུགསཔ་ད། ཕྱག་ཞུ་མི་ཉེ་གནས་དགེ་སློང་ཀུན་དགའ་བོ་སྦེ་སྐྱེ་བ་བཞེས་ནུག དེ་གི་ཤུལ་ལས་རྒྱ་གར་གྱི་པཎྜི་ཏ་ཆོས་ཀྱི་བློ་གྲོས་ཞུ་མི་གིས་གཙོས་པའི། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པ་ལྔ་ལྔ་རེ་འབདཝ་ད། པཎྜི་ཏ་ཉི་ཤུ་རྩ་ལྔའི་སྐྱེ་བ་བཞེས་ཏེ། སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེཝ་སྦེ་བསྐྱངས་གནང་ནུག །

ཁ་གསལ་སྦེ་ལྷབ་ནིའི་དོན་ལུ།

དེ་ལས་བོད་ཀྱི་རྒྱལ་ཁབ་ལུ། ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོ་སྐུ་དངོས་བཞུགསཔ་ད། ཆོས་བློན་ཐོན་མི་སམྦྷོ་ཊ་དང་། བལ་མོ་ཚ་བ་རོང་ལུ་དགེ་སློང་པཱུརྞ་ཤྲཱིར་ཟེར་མི་ལུ་སྐྱེ་བ་བཞེས་བཞིནམ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་གྱིས་སེམས་ཅན་གྱི་དོན་ལེ་ཤ་མཛད་ནུག དེ་ལས་དུས་རབས་བརྒྱད་པའི་ནང་བོད་ལུ། མཁན་སློབ་ཆོས་གསུམ་ཞལ་བཞུགས་པའི་སྐབས་ན། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་སྦེ་སྐྱེ་བ་བཞེས་ཏེ། བོད་ཡུལ་མུན་པའི་གླིང་ལུ་དམ་པའི་ཆོས། ཉི་མ་བརྒྱ་ཕྲག་ཤར་ཤརཝ་ཟུམ་སྦེ་དར་ཁྱབ་མཛད་གནང་ཡི།

 

དེ་གི་ཤུལ་ལུ། གཏེར་སྟོན་གྲྭ་པ་མངོན་ཤེས། གུ་རུ་རྣོན་རྩེ། རོང་ཟོམ་ཆོས་བཟང་། ར་ཤག་གཏེར་སྟོན། ཞིག་པོ་ཉི་མ་སེངྒེ། གྲུབ་ཐོབ་དངོས་གྲུབ། ཁྱུང་གྲགས་ལྷ་འབུམ། ཁྱུང་པོ་རྣལ་འབྱོར། བསྟན་པ་གཞུང་འཛིན། ཇོ་དར་ཆོས་བཟང་། གཡག་སྡེ་པཎ་ཆེན། དགེ་བཤེས་ཉམས་བྲོ། མཚལ་ཐང་སྒོམ་སྡེ་སྤྲུལ་སྐུ་ཚུན། གྲུབ་ཐོབ་བཅུ་གསུམ་ལུ་སྐྱེ་བ་བཞེས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་མཛད་གནང་ཡི།

 

དེ་ལས་ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་ལུང་བསྟན་གནང་དོ་བཟུམ་སྦེ། དུས་རབས་བཅུ་གསུམ་པའི་ནང་། བོད་ཡུལ་དབུས་ལུ་གྲ་ནང་དབེན་རྩ་ཟེར་ས་ལུ། རབ་བྱུང་དྲུག་པའི་མེ་ཁྱི། སྤྱི་ལོ་༡༣༤༦ ལུ་གཏེར་སྟོན་རྡོ་རྗེ་གླིང་པ་མཆོག ཡབ་ཁུ་སྟོན་བསོད་ནམས་རྒྱལ་མཚན་དང་། ཡུམ་དཀར་མོ་རྒྱན་གཉིས་ཀྱི་སྲས་ལུ་སྐུ་འཁྲུངས་ཏེ། མཚན་ཨོ་རྒྱན་བཟང་པོ་ཟེར་གསོལ་ནུག སྐུ་ན་ཕྲ་བའི་སྐབས་ལུ་སྐུ་ཚེ་སྔོན་མའི་བག་ཆགས་ཚུ་གསལ་པོར་གསུངསམ་མ་ཚད། ཤེས་བྱའི་ཡོན་ཏན་ག་ཅི་ར་ཨིན་རུང་བརྡ་བསྟནམ་ཙམ་གྱིས་ཐོགས་པ་མེད་པར་མཁྱེན་ནུག མནལ་ལམ་དང་ཉམས་སྣང་ལུ་ཨོ་རྒྱན་གུ་རུ་རིན་པོ་ཆེའི་ཞལ་ཡང་ཡང་མཇལ་ཏེ། གནམ་ལྕགས་བྲག་ལས་ཕ་རྒྱུད་མ་རྒྱུད་ཀྱི་གཏེར་བཏོན་ནིའི་ལུང་བསྟན་ཡང་གནང་ནུག དགུང་ལོ་བདུན་ལུ་ཀུན་མཁྱེན་ཁྲས་པའི་ཞབས་སར་བཅར་ཏེ་དགེ་ཚུལ་གྱི་སྡོམ་པ་ཞུ་ནུག གཞན་ཡང་བླ་མ་སྨན་ལུང་པ་དང་། སྤྲུལ་སྐུ་ཤཱཀ་གཞོན་པ། རྟོགས་ལྡན་རྡོ་རྗེ་རྒྱལ་མཚན་ཚུ་ལས། གསང་སྔགས་གསར་རྙིང་གི་ཆོས་ལེ་ཤ་ཅིག་གསན་ཏེ། ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་ག་ར་མཐར་ཕྱིན་གནང་ནུག །

 

དེ་ལས་ལུང་བསྟན་བྱུངམ་བཞིན་དུ་དགུང་ལོ་བཅུ་གསུམ་ལུ་གཏེར་གྱི་མགོ་ཐོག་དང་པ་ར། ཁྲ་འབྲུག་ལས་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་སྒྲུབ་ཐབས་ཚུ་གདན་དྲངས་གནང་ཡི། དེ་གི་ཤུལ་ལས་གནམ་སྐས་བྲག་གི་གཏེར་སྒོ་ཕྱེ་བའི་ཚད། ཨོ་རྒྱན་གུ་རུ་རིན་པོ་ཆེ་སྐུ་དངོས་སྦེ་བྱོན་ཏེ་དབང་བསྐུར་བྱིན་རླབས་དང་། ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་ཚུ་གཏད་གནང་ནུག དེ་ཟུམ་སྦེ་ས་གནས་གཞན་ཚུ་ལས་ཡང་། གཏེར་ཁ་ལེ་ཤ་སྤྱན་དྲངས་གནང་བའི་ནང་ལུ་ཟབ་མོའི་ཆོས་འཁོར་ཡང་། འདུས་པ་སྐོར་བཞི་དང་། ཟུར་པ་བརྒྱད། ཀློང་ཡངས་ཕ་མ་གཉིས། རྫོགས་ཆེན་སྐོར་བཅུ། གཉིས་མེད་ཉི་ཟླ་ཁ་སྦྱོར། ཧཱུྃ་སྐོར་སྙིང་ཐིག་ལ་སོགས་པའི་ཟབ་ཆོས་ལེ་ཤ་ཅིག་གཏེར་ལས་བཏོན་གནང་ནུག །

 

ད་རུང་རྡོ་རྗེ་སེམས་དཔའི་སྐུ་རྒྱུ་ལི་དཀར་ལས་གྲུབ་པའི་མི་ཚད་མ་དང་། པདྨའི་སྐུ་ཚབ་མཐོང་བ་དོན་ལྡན། དྲག་པོ་དབུ་དགུའི་སྐུ། རྟ་ཕག་གི་སྐུ། གཞན་ཡང་ཚེ་ཆུ་བུམ་པ་གང་། དམ་རྫས་སྐྱེ་བདུན་གྱི་རིགས་ལ་སོགས་པ་ཚད་མེདཔ་ཅིག་གཏེར་ལས་བཞེས་གནང་ནུག ཨོ་རྒྱན་རིན་པོ་ཆེ་གིས་མ་འོངས་ལུང་བསྟན་གནངམ་བཞིན་དུ། བོད་ཡུལ་ལྷ་ས་ལུ་མཐའ་དམག་བཟློག་ཐབས། ཞི་ཁྲོ་དྲིལ་སྒྲུབ་ཀྱི་དབང་དང་། སྲི་མནན། སྦྱིན་སྲེག བཤགས་སྐོང་ཚུ་བརྒྱ་དང་རྩ་བརྒྱད་རེ་གནང་སྟེ། བསྟན་པ་དང་སེམས་ཅན་གྱི་བདེ་ཐབས་མཛད་གནང་ཡི།

 

དེ་ལས་དགུང་གྲངས་ཉི་ཤུ་རྩ་ལྔ་བཞེས་པའི་སྐབས། མནལ་ལམ་ནང་ལུ་བཙུན་པ་གཞོནམ་གཅིག་གིས། བོན་པོའི་གཤང་དང་རྡོ་རྗེ་ཕྱག་ལུ་གཏད་བཞིན་ན། ལྷོ་ཕྱོགས་ལུ་མཛུབ་མོ་བཙུགས་ཏེ། འོ་ཁྱོད་རང་གི་ནོར་དང་གདུལ་བྱའི་ཞིང་ཡང་འདི་ཕྱོགས་ལུ་ཡོདཔ་ཨིན། ཁ་བྱང་དང་ཡང་བྱང་ཚུ་བསྣམས་འབད་སོང་ཞིག་ཟེར་ལུང་བསྟན་བྱུང་ནུག དེ་ལས་ལུང་བསྟན་ཟུམ་སྦེ་ལྷོ་མོན་ལུ་བྱོན་བཞིན་ན། སྤ་གྲོ་སྟག་ཚང་ལུ་བསྟན་སྤྱིའི་སྐུ་རིམ་དང་མཐའ་དམག་བཟློག་ཐབས་ལུ། དབང་དང་གཏོར་ཟློག བཤགས་སྐོང་། མནན་པ། སྦྱིན་སྲེག་བརྒྱ་རྩ་ཚུ་གནང་སྟེ། ལྷོ་མོན་གྱི་སྐྱེ་འགྲོ་སེམས་ཅན་ཚུ་མ་འོངས་མཐའ་དམག་གི་སྡུག་བསྔལ་ནང་སྡོད་མ་དགོ་པའི་ཐུགས་རྗེས་བསྐྱངས་གནང་ཡི།

 

ལྷག་པར་བོན་གསང་སྔགས་སྤྱི་སྤུངས་དང་། བོན་རྫོགས་ཆེན་གསེར་ཐུར་སོགས། བོན་གྱི་སྐོར་ལེ་ཤ་ཅིག་གཏེར་ལས་བཞེས་གནང་ནུག དེ་གྱི་མ་ཚད་པར་རྫོང་བྲག་ཁ་དང་། གླིང་མོ་ཆུ་དབར་ཕུག དགོན་ཚེ་ཕུག །སྦས་ཡུལ་གླང་བྲག །ཨུམ་སྟེང་མཚོ་ཚུ་ལས། ཆོས་དང་བོན་དམ་རྫས་ནོར་གཏེར་ལ་སོགས་པའི་གཏེར་ཁ་ལེ་ཤ་ཅིག་བཞེསཔ་མ་ཚད། མཁོ་ཐང་རིན་ཆེན་གླིང་དང་། ཤར་དྭངས་ཆུ་ཆོས་རྫོང་སྒང་། བུམ་ཐང་ཚུ་ནང་གདན་ས་ཡང་བཏབ་གནང་ནུག གདན་སའི་གཙོ་བོ་འདི་གླིང་མོ་ཁ་ལུ་བཏབ་གནང་སྟེ། མཚན་ཡང་བདེ་ཆེན་ཕོ་བྲང་ཟེར་གསོལ་ནུག དེ་ཁར་མཛད་པ་འཕྲིན་ལས་རྒྱ་ཆེའོ་འབད་བསྐྱངས་གནངམ་ལས། ཟབ་ཆོས་ཀྱི་བསྟན་པ་ལྷོ་མོན་ལུ་དར་ཁྱབ་སྦོམ་སྦེ་ར་བྱུང་ནུག གདན་ས་འདི་ཤུལ་ལས་གཏེར་ཆེན་ཁོ་རའི་གདུང་སྲས་ཆོས་དབྱིངས་རྒྱ་མཚོ་དང་། ཁོང་གི་སྲས་བརྒྱུད་ཚུ་གྱིས་ཡུན་རིངམ་སྦེ་བསྐྱངས་གནང་གནངམ་རྣམ་ཐར་ཚུ་ལས་ཐོན་རུང་། ད་ལྟོ་ས་གནས་དེ་ཁར་གདན་སའི་ཤུལ་ཙམ་ཡང་མཇལ་མ་ཚུགས་མི་དེ་སེམས་སྐྱོ་བའི་གཞི་ཅིག་ལུ་གྱུར་ཡོདཔ་ཨིན།

 

གཏེར་སྟོན་མཆོག་ལུང་བསྟན་བཞིན་དུ་འབྲས་ལྗོངས་ཕྱོགས་ལུ་ཕེབས་ཏེ། གནས་སྒོ་ཕྱེ་གནང་བ་གྱིས་མཚོན་པའི་འགྲོ་བའི་དོན་རྒྱ་ཆེར་མཛདཔ་ལས་བརྟེན། ས་གཞིའི་མིང་ཡང་རྡོ་རྗེ་གླིང་ཟེར་ཡོངས་གྲགས་སོང་ནུག ཨིན་རུང་ད་རེས་ནངས་པར་སྒྲ་ཟུར་ཉམས་པའི་དབང་གིས་དར་རྗེ་གླིང་ཟེར་སླབ་དོ་ཡོདཔ་ཨིན། དེ་ལས་གཏེར་སྟོན་མཆོག་ལོག་སྟེ་ར་བོད་ལུ་བྱོན་བཞིན་ན། རི་བོ་ཕུག་མོ་ཆེ་ཚུ་ལས་གཏེར་ཁ་ལེ་ཤ་ཅིག་བཏོན་གནང་བའི་ནང་གསེས། གཤིན་རྗེ་དང་ཛམ་ལྷ་རིགས་ལྔའི་ཆོས་སྐོར་ཚུ། ཀརྨ་པ་བཞི་པ་རོལ་པའི་རྡོ་རྗེ་ལུ་བྱིན་ཟེར་བའི་ལུང་བསྟན་བྱུངམ་བཞིན་དུ་ཀརྨ་པ་ལུ་གནང་ནུག །

 

གཏེར་སྟོན་སྐུ་ཚེ་སྨད་ལུ་བོད་ལྷོ་བྲག་ཚུ་ནང་བཞུགསཔ་ལས། རིམ་གྱིས་ཟབ་ཆོས་ཀྱི་བརྒྱུད་པ་འཛིན་མི་ཡང་། དབུས་གཙང་དང་། ཁམས། ཀོང་པོ་ཚུ་ལུ་དར་ཁྱབ་བྱུང་ནུག གཏེར་སྟོན་མཆོག་གི་གཏེར་ཁ་ཡང་མདོར་བསྡུ་བ་ཅིན། ཆེ་བ་བཞི་བཅུ་ཞེ་གསུམ་དང་། ཆུང་བ་བརྒྱ་རྩ་བརྒྱད་ཡོདཔ་སྦེ། གཏེར་བྱང་རྣམ་ཐར་ཚུ་ལས་ཐོན་ནི་འདུག གཏེར་སྟོན་མཆོག་གི་གཏེར་ཆོས་ལུ། བླ་རྫོགས་ཐུགས་གསུམ་གྱིས་གཙོས་པའི། ཆོས་འཁོར་ལེ་ཤ་ཅིག་བཞུགས་ཡོད་ནི་དེ་གྱིས། ཁོང་ལུ་གཏེར་ཆེན་ཟེར་ཞུཝ་མ་ཚད། ཨོ་རྒྱན་གུ་རུ་རིན་པོ་ཆེའི་བཀའ་ཐང་ཚུ་ནང་། གཏེར་ཆེན་རྒྱལ་པོ་ལྔ་ཟེར་གསུངས་མིའི་གྲས་ལས། གཏེར་ཆེན་རྒྱལ་པོ་གསུམ་པ་ཡང་ཁོང་ཨིནམ་ལས། གཏེར་ཆེན་རྒྱལ་པོ་ཟེར་ཡང་ཞུཝ་ཨིན།

 

གཏེར་ཁ་ཚུ་ཡང་མང་ཆེ་བ་ཁྲོམ་གཏེར་དང་། གཏེར་སྲུང་ཚུ་གྱིས་དངོས་སུ་འབད་འོངས་ཏེ་ཕྱག་ལུ་ཕུལཝ་ཨིནམ་མས། མཚན་གྱི་རྣམ་གྲངས་ཡང་། རྡོ་རྗེ་གླིང་པ་དང་། པདྨ་གླིང་པ། ཆོས་ཀྱི་བཤེས་གཉེན། ཀུན་སྐྱོང་གླིང་པ། རྡོ་རྗེ་གྲོ་ལོད་ཟེར་རྣམ་པ་ལྔ་འདུག ད་རུ་བོན་གྱི་གཏེར་ཁ་ཚུ་ལས། བོན་ཞིག་གཡུང་དྲུང་གླིང་པ་ཟེར་ཡང་ཐོནམ་ཨིན། གཏེར་སྟོན་མཆོག་གིས་ཡིག་རིགས་མི་འདྲ་བ་དྲུག་ཅུ་རྩ་བཞི་དང་། སྒྲ་རིགས་མི་འདྲ་བ་སུམ་བརྒྱའི་སྒྲ་འགྱུར་ཚུ་མཁྱེན་མ་ཚད། སྐད་སྣ་མི་འདྲ་བ་སྟོང་དང་དྲུག་བརྒྱ་ཡང་མཁྱེན་མི་ཨིནམ་ལས། ཀུན་མཁྱེན་སྤྲུལ་སྐུ་ཟེར་སྔོན་གྱི་སྐྱེས་ཆེན་དམ་པ་ཚུ་གྱིས་བསྟོད་བསྔགས་གསུངས་ཏེ་འདུག མངོན་ཤེས་དང་རྫུ་འཕྲུལ་ཡང་ཐོགས་མེད་དུ་སྟོན་གནངམ་མ་ཚད། མ་འོངས་སེམས་ཅན་ཚུ་ཡིད་ཆེས་དད་མོས་བསྐྱེད་ནིའི་ཐབས་ལུ། བྲག་དང་རྡོ་ཕུག་གུ་ལུ་ཕྱག་རྗེས་དང་། ཞབས་རྗེས་ལེ་ཤ་ཅིག་བཞག་གནང་ཡི། དེ་ལས་དགུང་གྲངས་དྲུག་ཅུ་བཞེས་ཚེ་འགྲོ་དོན་འཕྲིན་ལས་ཚུ་མཐར་ཕྱིན་ཏེ། རབ་བྱུང་བདུན་པའི་ཤིང་བྱ། སྤྱི་ལོ་༡༤༠༥ ལུ་བོད་ལྷོ་བྲག་ཆུས་ཁྱེར་བཉྩ་ལྷ་ཁང་ངམ། དགོན་གསར་གསང་སྔགས་ཕོ་བྲང་ནང་ལུ་ཡ་མཚན་ཅན་གྱི་རྟགས་དང་བཅསཔ་སྦེ། དགོངས་པ་ཆོས་ཀྱི་དབྱིངས་ལུ་རྫོགས་སོང་ནུག །

 

དེ་ལས་ཐུགས་སྲས་སློབ་མ་དང་། གདུང་སྲས་ཚུ་གྱིས་སྐུ་གདུང་མེ་མཆོད་ཕུལཝ་ད། སྐུ་གདུང་ལས་བུ་དངོས་གྲུབ་ཡོད་དོ་ཟེར་བའི་གསུང་དང་བཅསཔ་སྦེ། ཞབས་གཡསཔ་ཐུགས་སྲས་ཀྱི་གཙོ་བོ་འབྲོམ་སྟོན་བཀྲ་ཤིས་འབྱུང་གནས་ལུ་བབས། དེ་ཟུམ་སྦེ་ཞབས་གཡོནམ་འདི་རྒྱ་གར་ཐོགས་མེད་ལུ་བབས་ནུག གཞན་ཡང་ངོ་མཚར་ཅན་གྱི་རྟགས་མཚན་ལེ་ཤ་བྱུང་བ་གྱི་མ་ཚད། སྐུ་གདུང་དང་རིང་བསྲེལ་གྱིས། བོད་དབུས་གཙང་ཆ་མཉམ་ལུ་ཁྱབ་ཁྱབ་ཨིན་ཟེར། ཆོས་འབྱུང་རྣམ་ཐར་ཚུ་ནང་གསུངས་འདུག་གོ །

 

གཏེར་ཆེན་གྱི་སློབ་མ་ཡང་། བུ་ཆེན་བཅུ་དྲུག །ཐུགས་སྲས་གསུམ། ཐིག་ལེ་ལྔ། གྲུབ་ཐོབ་གོ་ལྔ། སྐལ་ལྡན་བཅོ་བརྒྱད། སེར་མོ་ཁྲི་ལ་སོགས་པ་བགྲང་ལས་འདས་པ་ཅིག་བྱུང་ནུག གདུང་བརྒྱུད་ཡང་། གདུང་སྲས་ཆེ་བ་རྟོགས་ལྡན་ཆོས་དབྱིངས་རང་གྲོལ་དང་། མཚན་གཞན་བྱ་བཏང་སྔོན་པོ་མཆོག་ལས་འབྲས་ལྗོངས་ལུ་གདུང་བརྒྱུད་བྱུང་མི་དེ། ད་ལྟོའི་བར་ཡང་བཞུགས་ཡོདཔ་སྦེ་གོ་རུང་གཏན་གཏན་སྦེ་ཤེས་མ་ཚུགས། གདུང་སྲས་ཆུང་བ་ཆོས་དབྱིངས་རྒྱ་མཚོ་མཆོག་ལྷོ་མོན་ལུ་བྱོན་ཏེ། གླིང་མོ་ཁར་ཡབ་ཀྱི་གདན་ས་ལུ་འགྲོ་དོན་འཕྲིན་ལས་མཛདཔ་ད། གདུང་བརྒྱུད་རིམ་པར་འཕེལ་བ་ལས། བུམ་ཐང་བྷཱུ་ལཱི་དང་། ལྕགས་མཁར་གྱི་གདུང་ཚུ་བྱུང་ནུག །

 

ད་རུ་གཏེར་ཆེན་གྱི་ཟུར་སྲས་ཀུན་མཁྱེན་བསོད་ནམས་ལྷུན་གྲུབ་ལས། བུམ་ཐང་ཨོ་རྒྱན་ཆོས་གླིང་གི་གདུང་དང་། ཡང་གཏེར་ཆེན་གྱི་ཟུར་སྲས་པདྨ་བསྟན་འཛིན་ལས། ཤར་རྩིབས་ལོག་གི་གདུང་བརྒྱུད་ཚུ་རིམ་པར་བྱུང་ནུག་གོ །ད་རེས་ནངས་པར་གཏེར་ཆེན་རིན་པོ་ཆེ་མཆོག་གི་ཟབ་ཆོས་ཀྱི་རྒྱུན་དང་། གདུང་བརྒྱུད་གཉིས་ཆ་ར་མ་ཉམས་པར་ང་བཅས་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་བཞུགས་ཡོདཔ་ཨིན་ནོ།། །།

 

བླམ་ཀུན་དགའ་རྒྱལ་མཚན་གྱིས་བྲིས་སོ།།