༆ གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་ཚོགས།

TERCHEN DORJE LINGPA ASSOCIATION

Previous
Next

བཀོད་ཚོགས་གཞི་བཙུགས།

བཀོད་ཚོགས་གཞི་བཙུགས་འབད་དེ་ བཀོད་ཚོགས་ནང་ལུ་ ཁྲི་འཛིན་དང་ ཁྲི་འཛིན་འོགམ་ དྲུང་ཆེན་དང་ དངུལ་གཉེར་མདོ་ཆེན་ འཐུས་མི་མདོ་ཆེན་གཞན་ཚུ་གདམ་འཐུའམ་བཙག་འཐུ་འབད་དེ་ཕྱག་ལཱ་གནངམ་ཨིན། དེ་བཟུམ་སྦེ་ཨཱཿབརྒྱ་བླ་རབས་གསུམ་པ་ཀུན་དགའ་རྒྱལ་མཚན་རིན་པོ་ཆེ་མཆོག་གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་ཚོགས་ཀྱི་དུས་གཏན༌གྱི༌ཁྲི༌འཛིན༌སྦེ་བཞུགས་ནི་ཨིན།

ད་ལྟ་གྱི་བཀོད་ཚོགས་འཐུས་མི།

  1. ༡. ཨཱཿབརྒྱ་རིན་པོ་ཆེ་ ཀུན་དགའ་རྒྱལ་མཚན། ཁྲི་འཛིན།
  2. ༢. བླམ་སྐལ་བཟང་ཆོས་འཕེལ། ཁྲི་འཛིན་འོགམ།
  3. ༣. བསོད་ནམས་རྡོ་རྗེ། དྲུང་ཆེན།
  4. ༤. བཀྲིས་རབ་བརྟན། དངུལ་གཉེར་མདོ་ཆེན།
  5. ༥. ཡེ་ཤེས་དབང་འདུས། བཀོད་ཚོགས་ཀྱི་འཐུས་མི།
  6. ༦. བསོད་ནམས་དབང་ཕྱུག བཀོད་ཚོགས་ཀྱི་འཐུས་མི།
  7. ༧. བསོད་ནམས་དོན་གྲུབ། བཀོད་ཚོགས་ཀྱི་འཐུས་མི།

བཀོད་ཚོགས་ཀྱི་ཁྲི་འཛིན་གྱི་ལོ་རྒྱུས།

སྦས་ཡུལ་ཨཱཿབརྒྱའི་གནས་ཀྱི་བླ་རབས་གསུམ་པ་ཀུན་དགའ་རྒྱལ་མཚན་རིན་པོ་ཆེ་མཆོག་ནི། ཤར་ཕྱོགས་མོང་སྒར་རྫོང་ཁོངས་སྦས་ཡུལ་ཨཱཿབརྒྱའི་གནས་ཀྱི་ཉེ་འདབས་ལུ་གཡུས་ཡ་རབས་ཟེར་སར། ཡབ་རིག་འཛིན་པདྨ་གླིང་པའི་གདུང་རུས་རྗེ་བཙུན་ཀུན་བཟང་མི་འགྱུར་གྱི་སྲས་བླ་མ་དབང་ཕྱུག་དང་། ཡུམ་གཏེར་ཆེན་རྡོ་རྗེ་གླིང་པའི་གདུང་ལས་ཨཱཿབརྒྱའི་བླ་རབས་གཉིས་པ་གཞན་ཕན་འགྲོ་འདུལ་རྡོ་རྗེ་བསྟན་འཛིན་གྱི་སྲས་མོ་མཚོ་རྒྱལ་དབང་མོ་གཉིས་ཀྱི་སྲས་ལུ་སྤྱི་ལོ་་་༡༩༧༩་་་ལུ་སྐུ་འཁྲུངས་ཏེ་མཚན་ཤེས་རབ་རྒྱལ་མཚན་ཟེར་གསོལ་ནུག ཆུང་སྐུའི་སྒང་ལས་ཧེ་མའི་བག་ཆགས་དྲན་ཏེ་ལོ་རྒྱུས་ཚུ་གསུངསམ་ལས། ཉེ་འཁོར་ལུ་ཡོད་མིའི་མི་ཚུ་གྱིས་བུ་ཚུ་འདི་བླམ་གཅིག་གི་སྐྱེ་བ་ཨིནམ་འོང་ནི་མས་ཟེར། ཨཱཿབརྒྱའི་བླ་རབས་གཉིས་པ་གཞན་ཕན་འགྲོ་འདུལ་རྡོ་རྗེ་བསྟན་འཛིན་རིན་པོ་ཆེ་མཆོག་ལུ་ཞུཝ་ད། མེས་མེ་རིན་པོ་ཆེའི་ཞལ་ལས། ཨ་ལོའི་ཁ་ལས་ག་ཅི་ཡང་སླབ་འོང་། ད་ལྟ་ཆུང་སྐུ་ལས་ར་བླམ་གྱི་སྐུ་སྐྱེའི་མིང་བཏགས་ཏེ། ཤུལ་ལས་ག་དེ་འབད་འོང་ག་ང་བཅས་ཀྱིས་མི་ཤེས་ཟེར་གསུངས་ནུག

དེ་ལས་མེས་མེ་རིན་པོ་ཆེའི་སྐུ་མདུན་ལས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་བློར་འཛིན་ཚུ་ལུ་བརྩོན་གནང་ནུག དགུང་ལོ་བཅུ་གཉིས་བཞེསཔ་ད་མོང་སྒར་གྲྭ་ཚང་གི་འདུས་སྡེ་ལུ་འཛུལ་ཞུགས་གནང་སྟེ་མཚན་ཀུན་དགའ་རྒྱལ་མཚན་ཟེར་གསོལ་ནུག བླམ་གནས་བརྟན་རྣམ་རྒྱལ་མཆོག་ལས་དཔལ་ལྡན་འབྲུག་པའི་ལུགས་ཀྱི་དཀྱིལ་ཆོག་གི་དབྱངས་ཐིག་གར་ཚུ་ལུ་ལེགས་ཤོམ་འབད་མཐར་འཁྱོལ་གནང་སྟེ།

སྔ་ཚང་བཤད་གྲྭ་ལུ་བྱོན་བཞིན་ན་མཁན་པོ་ཀརྨ་རང་གྲོལ་མཆོག་གི་སྐུ་མདུན་ལས་བརྡ་དག་སྙན་སུམ་དང་དབུ་འཇུག་རྩ་བཞི་བཅས་གསན་སྦྱངས་གནང་ནུག དེ་ལས་རྟ་མགོ་ཆོས་དབྱིངས་ཕོ་བྲང་མཐོ་སློབ་ཆེན་མོ་ལུ་འཛུལ་ཞུགས་མཛད་དེ། མཁས་དབང་ཀུན་ལེགས་རྒྱལ་མཚན་དང་གཙུག་སློབ་བསམ་གཏན་རྡོ་རྗེ་མཆོག་ལས་མངོན་པ་གོང་འོག་དང་ཤེར་ཕྱིན་སྒྲ་མཚམས་སྦྱོར་ལྔ་པ་ལ་སོགས་པའི་གཞུང་ཚུ་ལུ་ཐོས་བསམ་རྒྱ་ཆེཝ་འབད་གནང་ཡི། དེ་ལས་ལོག་སྟེ་རང་མེས་མེ་རིན་པོ་ཆེའི་སྐུ་མདུན་ལུ་བསྐྱར་བཞིནམ་ལས་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་ཆོས་ཀྱི་དབང་ལུང་དང་ཁྲིད་ཚུ་བུམ་པ་གང་བྱོའི་ཚུལ་ལུ་གསན་ཏེ་ལོ་གསུམ་གྱི་བར་སྒྲུབ་པ་ལུ་བརྩོན་གནང་ནུག དེ་ལས་རྒྱ་གར་ལྷོ་ཕྱོགས་མའཻ་སོར་སྔ་འགྱུར་མཐོ་སློབ་ཆེན་མོར་བྱོན་བཞིན་ན་མཁན་ཆེན་པདྨ་ཤེས་རབ་དང་མཁན་ཆེན་འཇམ་དབྱངས་ཚེ་རིང་རྣམ་གཉིས་ལས་རྩ་རྒྱུད་གསང་བའི་སྙིང་པོ་དང་མདོ་འདུས་པ་ལ་སོགས་སྔ་འགྱུར་རྙིང་མའི་སྔགས་གཞུང་ཚུ་ལུ་གསན་བསམ་མཛད་ནུག དེ་ལས་གཞན་ཡང་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ། སེང་བྲག་རིན་པོ་ཆེ། གཡང་ཐང་རིན་པོ་ཆེ། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། ལ་དྭགས་རྟོགས་ལྡན་རིན་པོ་ཆེ། རྗེ་ཉི་སྤྲུལ་ཕྲིན་ལས་ལྷུན་གྲུབ། རྗེ་བསྟན་འཛིན་དོན་གྲུབ། སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས། རྒྱལ་མཚན་སྤྲུལ་སྐུ་རིན་པོ་ཆེ། རྡོར་འཛིན་བསོད་ནམས་རྒྱ་མཚོ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་ཚུ་ལས་གསང་སྔགས་གསར་རྙིང་གི་ཆོས་ལེ་ཤའི་དབང་ལུང་ཁྲིད་ཚུ་གསན་བཞེས་གནང་ནུག

དེ་ལས་འབྲུག་གཞུང་དང་རྗེ་མཁན་ཁྲི་རབས་བདུན་ཅུ་པ་སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གི་བཀའ་བཞིན་དུ། མོང་སྒར་ཐེམ་ནང་སྦིས་ཐེག་ཆེན་ཕྱག་ན་པདྨོ་དགྱེས་པའི་གླིང་ཟེར་མིའི་དགོན་སྡེའི་བླམ་གྱི་ཁྲི་ལུ་ཕེབས་ཏེ་བསྟན་པའི་ཕྱག་འགན་བཞེས་ཏེ་ལོ་གཉིས་ཀྱི་རིང་ལུ་བཞུགས་ནུག ལྷག་པར་ཧ་ཅང་གིས་རྒྱུན་དཀོན་དྲག་གྱུར་ཡོད་མི་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་ཆོས་ཀྱི་དཔེ་ཆ་རྙིངམ་ཁྱད་པར་ཅན་ལེ་ཤ་གཅིག་དཀའ་བ་ཁྱད་གསོད་ཀྱིས་སྒོ་ལས་བསྡུ་རུབ་གནང་སྟེ། སྤར་གསརཔ་བཏབ་བཞིན་ན་དགོན་སྡེ་ཁག་ལུ་བཀྲམ་སྤེལ་གནང་བ་གྱིས་མ་ཚད། དཀྱིལ་འཁོར་དང་དབང་གི་ཙཀ་ལི་ཚུ་ཡང་གསར་བྲིས་གནང་སྟེ་བཀྲམ་གནང་ཡི།

དེ་ལས་གཏེར་ཆེན་རྡོ་རྗེ་གླིང་པའི་གདན་ས་ཁག་ལུ་དབང་ལུང་ཁྲིད་གསུམ་གྱི་རྒྱུན་སྤེལ་གནང་མི་གྱིས་མཚོན་ཏེ་བསྟན་འགྲོའི་དོན་རྒྱ་ཆེཝ་འབད་གནང་སྟེ། ད་ལྟོ་མེས་མེ་རིན་པོ་ཆེའི་གདན་ས་སྦས་ཡུལ་ཨཱཿབརྒྱ་དུང་དཀར་ཆོས་གླིང་དགོན་པའི་བླ་རབས་གསུམ་པའི་མཚན་འཛིན་བཞིན་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་ཆོས་ཀྱི་བདག་པོ་ལུ་འཚོ་ཞིང་གཞེས་ཏེ་བཞུགས་ཡོདཔ་ཨིན་ནོ།།