༆ གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་ཚོགས།

TERCHEN DORJE LINGPA ASSOCIATION

ཨཱཿབརྒྱ་དུང་དཀར་ཆོས་གླིང་དགོན་པ།
བུམ་ཐང་བྷཱུ་ལཱི་འོག་མིན་ལྷུན་གྲུབ་འོད་གསལ་ཆོས་གླིང་།
དོན་གྲུབ་ཆོས་གླིང་།
སྲིན་ཕུ་བསམ་གཏན་རྩེ་མོ།
བྲང་ལ་བསམ་གཏན་ཆོས་གླིང་དགོན་པ།
མནའ་སྦྱི་ཨུ་རྒྱན་གུ་རུ་ལྷ་ཁང་།
Previous
Next

ཨཱཿབརྒྱ་དུང་དཀར་ཆོས་གླིང་དགོན་པ།

དགོན་པ་དེ་འབྲུག་ཤར་ཕྱོགས་མོང་སྒར་རྫོང་ཁག་ཤྲཱི་མུང་རྒེད་འོག་གི་མངའ་ཁོངས་སུ་སྦས་ཡུལ་ཨཱཿབརྒྱའི་གནས་ནང་ཆགས་ཏེ་ཡོད། དགོན་པ་དེ་བུམ་ཐང་བྷཱུ་ལཱི་སྤྲུལ་སྐུ་སྐུ་ཕྲེང་བདུན་པ་མཁའ་ཁྱབ་ནམ་མཁའ་རྡོ་རྗེ་མཆོག་གིས་རྒྱལ་བ་ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེའི་བཀའ་ལུང་གནངམ་བཞིན་དུ་སྤྱི་ལོ་ ༡༩༡༠ ལུ་འགོ་ཐོག་ཆགས་བཏབ་གནང་སྟེ། གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་ཆོས་ཀྱི་རྒྱུན་བཙུགས་གནང་ནུག དེ་གི་ཤུལ་ལས་བླ་རབས་གཉིས་པ་གཞན་ཕན་འགྲོ་འདུལ་རྡོ་རྗེ་བསྟན་འཛིན་མཆོག་གིས་བདག་སྐྱོང་གནང་བ་མ་ཚད་ཉམས་གསོ་ཡང་ཞུ་ནུག །དེ་ལས་སྤྱི་ལོ་ ༢༠༠༩ ལུ་ས་ཡོམ་གྱིས་སྐྱོན་ཤུགས་སྦེ་ར་ཕོག་སྟེ་ ༢༠༡༧ ལུ་ཉམས་གསོ་ཞུའོ་ད། སྔོན་མ་གཙུག་ལག་ཁང་ཐོག་ཚད་གཉིས་འབད་ཡོད་མི་དེ་ད་རེས་ཐོག་ཚད་གཅིག་འབད་བཞེངས་ཏེ་ཡོད།

སྐུ་རྟེན་དེ་ཡང་ཧེ་མ་འཇིམ་བཟོ་ཡོངས་གྲགས་བླ་མ་ཀོ་ཏའི་ཕྱག་བཟོ་རྒྱུ་སྨན་འདམ་ལས་གྲུབ་པའི་གུ་རུ་པདྨ་འབྱུང་གནས་གཟི་བརྗིད་ཆེ་བ་མི་ཚད་མ་གཅིག་དང་། གཡས་གཡོན་ལུ་ཨ་ལོ་ལོ་བརྒྱད་ཀྱི་ཚད་མཉམ་ཇོ་བོ་ཤཱཀྱ་མུ་ནེ་ལོངས་སྐུའི་ཆས་ཅན་དང་། མགོན་པོ་འོད་དཔག་མེད་ལོངས་སྐུའི་ཆས་ཅན་གྱི་སྐུ་བརྙན། ཡང་ཁྱུ་གང་རེ་འབད་མི་ཞབས་དྲུང་ངག་དབང་རྣམ་རྒྱལ་དང་། བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་མཆོག་གི་སྐུ་བརྙན་བཅས་བཞུགས་ཡོདཔ་ཨིན་ནོ། །ད་ལྟོ་དགོན་པ་དེ་ཁར་ཉམས་གསོའི་ལཱ་འབད་བཞིན་ཡོད། ལཱ་དེ་མཇུག་བསྡུ་བའི་སྒང་ལས་ཞལ་གྲངས་བདུན་འབད་མིའི་སྒྲུབ་སྡེ་ཅིག་བཙུགས་ནིའི་འཆར་གཞི་ངེས་གཏན་ཨིན་ནོ།།

བུམ་ཐང་བྷཱུ་ལཱི་འོག་མིན་ལྷུན་གྲུབ་འོད་གསལ་ཆོས་གླིང་།

བུམ་ཐང་མངའ་ཁོངས་ཆུ་མིག་རྒྱལ་རྩ་བྷཱུ་ལཱི་འོག་མིན་ལྷུན་གྲུབ་འོད་གསལ་ཆོས་གླིང་ནི། ཁ་རྒྱུན་ལྟར་དུ་རྡོར་གླིང་ཁོ་རང་གིས་ཆགས་བཏབ་གནང་བའི་ཤུལ་ལས་ཐུགས་སྲས་ཆོས་དབྱིངས་རྒྱ་མཚོའི་གདུང་བརྒྱུད་དང་སྐུ་ཕྲེང་རིམ་བྱོན་ཚུ་གྱིས་བདག་འཛིན་གནང་སྟེ་གྲྭ་སློབ་འཁོར་དང་བཅས་པ་དར་ཞིང་རྒྱས་ནུག

དུས་རབས་ ༢༠ པའི་ནང་རྐྱེན་ངན་ཅིག་ལས་བརྟེན་བྷཱུ་ལཱི་སྤྲུལ་སྐུ་སྐུ་ཕྲེང་དགུ་པ་མཁའ་ཁྱབ་ནམ་མཁའ་རྡོ་རྗེ་མཆོག་ཤར་ཕྱོགས་དུང་བསམ་པདྨ་དགའ་ཚལ་ཕྱོགས་ལུ་མཐར་སྤྱུགས་ཏེ། གཞུང་ཞབས་ལས་བླ་ཚབ་ཡང་སྲིན་ཕུ་བླམ་པདྨ་བསྟན་འཛིན་དེ་བྷཱུ་ལཱིའི་བླམ་སྦེ་བསྐོ་བཞག་གནང་ནུག

དེ་གི་ཤུལ་ལས་དགོན་པ་དེ་ཀྲོང་གསར་གྲྭ་ཚང་གི་ཕྱག་ལུ་བྱུང་བཞིནམ་ལས་ཚུར་རྫོང་དཔོན་རིམ་པར་བསྐོ་བཞག་གནང་སྟེ་ལོ་རིངམ་གྱི་བར་བསྐྱངས་བའི་སྐབས་ལུ་གྲྭ་འཁོར་སོགས་དད་ཅན་ཚུ་གིས་རྡོར་གླིང་གདུང་འཛིན་ཨཱཿབརྒྱ་རིན་པོ་ཆེ་གཞན་ཕན་འགྲོ་འདུལ་རྡོ་རྗེ་བསྟན་འཛིན་མཆོག་གདན་འདྲེན་ཞུས་ཏེ་དབང་ལུང་སོགས་གནང་སྟེ་བྷཱུ་ལཱི་དགོན་པ་དེ་ཁར་བསྟན་པའི་མེ་རོ་སླར་གསོས་གནང་ནུག་གོ །

དེ་གི་ཤུལ་ལས་སྐྱབས་རྗེ་ཁྲི་རབས་བདུན་ཅུ་པ་མཆོག་གིས་མཁན་པོ་ཡེ་ཤེས་ལྷུན་གྲུབ་དེ་བྷཱུ་ལཱི་དགོན་པའི་བླམ་སྦེ་བསྐོ་བཞག་གནང་ནུག ཁོང་གིས་ཡང་རྡོར་གླིང་གདུང་འཛིན་ཨཱཿབརྒྱ་རིན་པོ་ཆེའི་ཞབས་ལས་དབང་ལུང་ཁྲིད་གསུམ་གསན་བཞེས་དང་རྡོར་གླིང་གི་བཀའ་འབུམ་ཕྱོགས་བསྒྲིགས་གནང་། དགོན་པ་དེ་ཁར་དགེ་འདུན་གྱི་སྡེ་འགོ་ཐོག་བཙུགས་ཏེ་ཕྱིའི་གྲྭ་ཤག་གསར་བསྒྲུབས་དང་སློབ་ཕྲུག་ཚུ་ལུ་ཕྱི་ནང་གི་སློབ་སྦྱོང་གནང་དང་གནང་བཞིན་ཨིན། དེ་ལས་སྔར་སྲོལ་ལམ་ལུགས་ལྟར་ལོ་ལྟར་གྱི་ཚེས་བཅུའི་གར་འཆམ་དང་སྐུ་མཆོད་འབུམ་སྡེ་སོགས་སྔར་བས་ལྷགཔ་སྦེ་ཡར་རྒྱས་ཟླ་བ་ཡར་གྱི་ངོ་ཟུམ་མཛད་ཕྲིན་རླབས་ཆེན་སྐྱོང་སྟེ་ཡོདཔ་ཨིན་ནོ།།

དོན་གྲུབ་ཆོས་གླིང་།

དབང་འདུས་ཤར་དྭངས་ཆུ་རྡོ་རྗེའི་གུར་ལུ་དགོན་པ་དོན་གྲུབ་ཆོས་གླིང་ནི། དུས་རབས་ ༡༤ པའི་ནང་རྡོར་གླིང་རང་གིས་ཆགས་བཏབ་གནང་བཞིནམ་ལས། ཤུལ་ལུ་རྩིབས་ལོགས་ཀྱི་གདུང་ལས་འཁྲུངས་མི་བླམ་འཇམ་དབྱངས་སམ་ཆོས་རྗེ་ཀུན་མཁྱེན་དཔལ་འབྱོར་རྡོ་རྗེ་མཆོག་དྭངས་ཆུའི་བླ་རབས་དང་པོ་འབད་མཛད་པ་ནས་བཟུང་གདུང་བརྒྱུད་ཚུ་ལས་བླ་རབས་རིམ་པར་བྱོན། ཆོས་རྗེ་ཀུན་མཁྱེན་དཔལ་འབྱོར་རྡོ་རྗེ་གི་སྐབས་ལུ་གཙུག་ལག་ཁང་རྒྱ་སྐྱེད་མཛད་དེ་རྡོར་གླིང་གི་ཟབ་ཆོས་ཀྱི་རྒྱུན་སྤེལ་ས་དང་འཁོར་སློབ་མ་ལེ་ཤ་སྐྱོང་སའི་གདན་ས་གཙོ་ཅན་ཅིག་འབད་བཟུང་ནུག

སྦྱིན་བདག་ཡང་ལེ་ཤ་ཡོད་པའི་ཁར་གདན་ས་འདི་ནང་མ་ཎི་ཞག་གསུམ་སོགས་དང་ཟླ་མཆོད་ལོ་ལྟར་སྐུ་མཆོད་འབུམ་སྡེ། མགོན་པོ་སྡེ་བརྒྱད་ཀྱི་བསྐང་གསོ་རྒྱས་པ་གཏོར་ཟློག་བཅས་ལོ་ ༢ རེའི་ནང་དང་།

ལོ་གསུམ་གྱི་ཚེས་བཅུའི་སྒྲུབ་པ་གར་འཆམ་སོགས་བཙུགས་གནང་སྟེ། ནམ་བྱར་གྱི་ཟླ་བ་ལྔ་དགོན་གནས་དེ་ཁར་བཞུགས་བཞིནམ་ལས་ནམ་དགུན་ལུ་ཤར་ལྕགས་འགྱེད་དབྱངས་ཅན་དགའ་བའི་ཚལ་ལུ་བྱོན་ནིའི་སྲོལ་བཙུགས་ཏེ་གདུང་བརྒྱུད་བླ་རབས་རིམ་བྱོན་ཚུ་གིས་བསྐྱངས་དོ་ཡོདཔ་ཨིན། ཨིན་རུང་ཤུལ་ལས་གདུང་བརྒྱུད་ཀྱི་གྲས་ལས་བླམ་མཛད་མི་རྒྱུན་ཆད་སོངམ་ལས། དབྱིན་ལོ་ ༢༠༠༧ ལོར་སྐྱབས་རྗེ་ཁྲི་རབས་ ༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་གཏེར་སྟོན་ཚེ་རིང་རྡོ་རྗེའི་སྤྲུལ་སྐུའི་རིགས་རུས་ལས་བརྒྱུད་པའི་མཁན་པོ་པ་སངས་ཚེ་རིང་ལུ་གདན་ས་འདིའི་ཆོས་བརྒྱུད་འཛིན་མིའི་བླམ་སྦེ་བསྐོ་བཞག་གནང་ནུག

མཁན་པོ་མཆོག་གིས་ཆོས་བརྒྱུད་འདིའི་དབང་ལུང་ཁྲིད་གསུམ་སོགས་གསན་ཏེ་ཟབ་ཆོས་འདིའི་བསྐྱེད་རྫོགས་ཀྱི་ཉམས་བཞེས་ཚུ་ཚུལ་བཞིན་བསྒྲུབས་ཏེ། སྔར་སྲོལ་གྱི་མཐོང་བ་བརྒྱུད་པའི་ཆོ་ག་ཕྱག་ལེན་སོགས་སྦྱངས་བརྩོན་གྱིས་རྒྱུན་མ་ཉམས་པར་བཞག་པ་མ་ཟད། དགོན་པ་དེ་ཁར་དགེ་འདུན་གྱི་སྡེ་ཐོག་མར་རྡོར་གླིང་སློབ་གྲྭ་ཞེས་པའི་མཚན་གསོལ་ཏེ་དགེ་འདུན་པ་ཞལ་གྲངས་ ༣༣ དང་བླ་སློབ་བཅས་གསར་དུ་བཙུགས།

སླར་ཡང་དབྱིན་ལོ་ ༢༠༡༤ ལུ་དྭངས་ཆུ་དོན་གྲུབ་ཆོས་གླིང་རྡོར་གླིང་དགོན་འཛིན་གྲྭ་ཚང་དབུ་བརྙེས་ཏེ་ཕྱིའི་ལྷ་ཁང་ཉམས་བཅོས་དང་གྲྭ་ཤག་གསར་བཞེངས་སོགས་དང་། ནང་དགེ་འདུན་པ་ཞལ་གྲངས་ ༥༥ ལྷག་ཙམ་དང་བླ་སློབ་ ༨ བཅས། སློབ་གྲྭ། གྲྭ་ཚང་། བཤད་གྲྭའི་རིག་གནས་དབྱིན་སྐད་སོགས་ཀྱི་སློབ་སྦྱོང་དང་། གྲྭ་ཚང་གི་སྐུ་མཆོད་འབུམ་སྡེ། སྔར་སྲོལ་ལམ་ལུགས། ལོ་གསུམ་རེ་ལུ་ཚེས་བཅུའི་གར་འཆམ་སོགས་སྔར་ལས་ལྷགཔ་སྦེ་ཡར་རྒྱས་གཏོང་བཞིན་དུ་ཡོད་པའོ།།

སྲིན་ཕུ་བསམ་གཏན་རྩེ་མོ།

ཀྲོང་གསར་རྫོང་ཁ་ སྲིན་ཕུ་བསམ་གཏན་རྩེ་མོ་ནི། ཁ་རྒྱུན་ལྟར་གཏེར་ཆེན་རྡོར་གླིང་གིས་འགོ་ཐོག་ཞབས་ཀྱིས་བཅགས་ཏེ་གཏེར་བདག་དམུ་བཙན་ལུ་བཀའ་བསྒོ་དམ་བཞག་གནང་སྟེ་མ་འོངས་པའི་ལུང་བསྟན་ཡང་གནང་། ཤུལ་ལས་ཤར་མོན་ལོགས་སམ་རྩིབས་ལོགས་ཀྱི་གདུང་བརྒྱུད་ལས་བྱོན་མི་བླམ་ངག་དབང་པད་དཀར་མཆོག་གིས་ཆགས་བཏབ་བཞིནམ་ལས་ཚུར་ཆོས་བརྒྱུད་གདུང་བརྒྱུད་བར་མ་ཆད་པར་གྲྭ་འཁོར་དང་བཅས་དཔེར་ན་སྲིན་ཕུ་བླམ་འགྱུར་མེད་ཚེ་དབང་རྡོ་རྗེ་སོགས་དང་། སྐྱབས་རྗེ་ཡེ་ཤེས་སེངྒེ་མཆོག་གིས་རྡོར་གླིང་གི་བསྟན་པ་ཉིམ་ཤར་དོ་བཟུམ་སྤེལ་གནང་ཡོད་པའི་གུར། བླམ་སྐུ་བགྲེས་དཔལ་ལྡན་སེངྒེའམ་དོན་གྲུབ་མཆོག་གིས་ཆོས་བརྒྱུད་གདུང་བརྒྱུད་གསེར་གྱི་འཕྲེང་བ་ལྟར་དབང་ལུང་ཁྲིད་གསུམ་དང་། སྔར་སྲོལ་ལམ་ལུགས།

སྐུ་མཆོད་འབུམ་སྡེ་སོགས་མ་ཉམས་པར་ད་ལྟོའི་བླམ་ཁྲི་ཐོག་པ་གདུང་སྲས་ཨུ་རྒྱན་བསྟན་འཛིན་མཆོག་གི་ཕྱག་ལུ་ལྷ་ཁང་དང་གྲྭ་ཤག་སོགས་ཉམས་གསོ་གནང་སྟེ་གྲྭ་འཁོར་དང་བཅས་ལོ་ལྟར་སྲིན་ཕུ་མ་ཎི་སོགས་སྔར་ལས་དར་ཞིང་རྒྱས་ཏེ་ཡོདཔ་ཨིན་ནོ།།

བྲང་ལ་བསམ་གཏན་ཆོས་གླིང་དགོན་པ།

ཀྲོང་གསར་རྫོང་ཁ་ བྲང་ལ་བསམ་གཏན་ཆོས་གླིང་དགོན་པ་ནི། དྭངས་ཆུ་བླམ་གར་དབང་འགྲོ་འདུལ་རྡོ་རྗེའི་དངོས་སློབ་སློབ་དཔོན་ཀུན་དགའ་དབང་ཕྱུག་གིས་ཆགས་བཏབ་གནང་བཞིནམ་ལས་ཚུར་དགོན་པ་འདི་ནང་ཆོས་བརྒྱུད་འཛིན་མི་སློབ་དཔོན་རིམ་བྱོན་ཚུ་གིས་རྡོར་གླིང་ཟབ་ཆོས་ཀྱི་དབང་ལུང་ཁྲིད་གསུམ་རྒྱུན་སྤེལ་དང་། མཐོང་བརྒྱུད་ཀྱི་ཕྱག་ལེན་ཆོ་གའི་དབྱངས་སོགས་མི་ཉམས་རྒྱུན་འཛིན། 

སྐུ་མཆོད་འབུམ་སྡེ་དང་རང་ཟླ་ ༢ པའི་ནང་ཚེས་བཅུའི་སྐབས་རྡོར་གླིང་རྔ་འཆམ་གྱིས་གཙོས་པའི་གར་འཆམ་བཅས་གནང་བའི་སྲོལ་བཏོད་གནང་འདུག །ད་ལྟོའི་བླམ་རྒྱལ་མཚན་མཆོག་གིས་ཀྱང་དགེ་འདུན་པ་ ༡༥ ལྷག་ཙམ་གསར་འཛུགས་དང་གཙུག་ལག་ཁང་ཉམས་གསོ། དགེ་འདུན་པའི་བཞུགས་གནས་གྲྭ་ཤག་གསརཔ་བཞེངས་ཏེ་དགེ་འདུན་པ་ཚུ་ལུ་སློབ་སྦྱོང་བཅས་ཡར་རྒྱས་འགྱོ་བའི་སྒང་ར་ཡོདཔ་ཨིན་ནོ།

མནའ་སྦྱི་ཨུ་རྒྱན་གུ་རུ་ལྷ་ཁང་།

ཀྲོང་གསར་རྫོང་ཁོངས་མནའ་སྦྱི་ཨུ་རྒྱན་གུ་རུ་ལྷ་ཁང་ནི། ཁ་རྒྱུན་ལྟར་རྡོར་གླིང་རང་གིས་ཆགས་བཏབ་གནང་གནངམ་ཨིནམ་སྦེ་བཤདཔ་མ་ཚད། ཤུལ་ལས་སྤྲུལ་སྐུ་མཆོག་ལྡན་མགོན་པོ་མཆོག་གིས་ཀྱང་ཉམས་གསོ་དང་ནང་རྟེན་ཚུ་རང་གི་ཕྱག་བཟོ་ལས་བཞེངས་གནང་བཞིནམ་ལས། ལྕགས་མཁར་གྱི་གདུང་ལས་བྱོན་མི་བླམ་ཚུ་གིས་བདག་འཛིན་ཐབས་ཏེ་སྐུ་མཆོད་འབུམ་སྡེ་དང་ལོ་ལྟར་ཚེས་བཅུ་སོགས་མ་ཉམས་པར་ད་ལྟོའི་བར་ཡང་གནང་སྲོལ་འདུག་གོ།