༆ གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་ཚོགས།

TERCHEN DORJE LINGPA ASSOCIATION

Previous
Next

ཨཱཿབརྒྱ་དུང་དཀར་ཆོས་གླིང་དགོན་པའི་ཉམས་གསོ།

ཆོས་ཚོགས་ཀྱི་ལས་འགུལ་འགོ་དང་པ་དེ་ སྦས་ཡུལ་ཨཱཿབརྒྱ་དུང་དཀར་ཆོས་གླིང་དགོན་པ་རྙིངམ་འདི་ཉམས་གསོ་ཞུ་ནིའི་ལས་འགུལ་དེ་ཨིནམ་ད། དེ་ཡང་སྤྱི་ལོ་ ༢༠༡༧ ལུ་ཁྲི་འཛིན་ཨཱཿབརྒྱ་བླ་མ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་མཆོག་གིས་ཉམས་གསོའི་ལཱ་ཚུ་འགོ་བཙུགས་ཏེ་ སྤྱི་ལོ་ ༢༠༡༨ ལུ་དགོན་པ་ཕྱི་ཁའི་ཉམས་གསོའི་ལཱ་དེ་ཚུ་ཚར་ཡོད་རུང། དུས་ཚོད་དང་མ་དངུལ་ལས་བརྟེན་ དགོན་པའི་ཕྱི་ཁའི་མཚོན་བཏང་ནི་དང་ནང་གི་ལྡེབ་རིས་བཞེངས་ནི་ སྐུ་རྟེན་ཚུ་བཞུགས་སའི་མཆོད་བཤམ་བཟོ་ནི་ཚུ་འབད་མ་ཚུགས་པར་ལུས་ཏེ་ཡོདཔ་ཨིན།

བུམ་ཐང་བྷཱུ་ལཱི་འོད་གསལ་ཆོས་གླིང་དགོན་པའི་དགེ་སློང་ཚུ་གི་གྲྭ་ཤག་བཟོ་སྐྲུན།

ལས་འགུལ་གཉིས་པ་དེ་ བུམ་ཐང་བྷཱུ་ལཱི་དགོན་པ་ལུ་དགེ་སློང་ཚུ་བཞུགས་སའི་གྲྭ་ཤག་དཀའ་ངལ་ཡོདཔ་ལས་བརྟེན་ འབྲུག་གཞུང་ལུ་སྙན་ཞུ་ཕུལ་བཞིན་དུ་ གྲྭ་ཤག་གསར་བཞེངས་འབད་ཆོག་པའི་གནང་བ་དང་ མ་དངུལ་ཡང་ ༥༠༠༠༠༠༠ ས་ཡ་ལྔ་གནང་སྟེ་ཡོད། ལཱ་དེ་སྤྱི་ལོ་ ༢༠༢༠ ལས་འགོ་བཙུགས་ཏེ་འབདཝ་འབད་སར་ཡོད་རུང་། གཞུང་ལས་གནང་མི་མ་དངུལ་དེ་གྱིས་ལངས་མི་ཚུགས་ནི་ཨིནམ་ལས་ ང་བཅས་ཆོས་ཚོགས་ཀྱི་ཁ་ཐུག་ལས་མ་དངུལ་རྒྱབ་སྐྱོར་ཚུ་ནང་འཁོད་དང་ཕྱིའི་རྒྱལ་ཁབ་ཚུ་ལས་འཚོལ་དང་འཚོལ་བཞིན་པ་ཨིན།

གཏེར་ཆེན་རྡོ་རྗེ་གླིང་པ་མཆོག་གིས་གཏེར་ལས་བཞེས་མི་ཟབ་ཆོས་བྱིན་རླབས་ཅན་ཉམས་གསོ།

ལས་འགུལ་གསུམ་པ་དེ་ གཏེར་ཆེན་རྡོ་རྗེ་གླིང་པ་མཆོག་གིས་གཏེར་ལས་བཞེས་མི་ཟབ་ཆོས་བྱིན་རླབས་ཅན་པོ་ཏི་ཉི་ཤུ་རྩ་གྲངས་བཞུགས་ཡོད་མི་དེ་ ཉམས་པ་གསོར་ཆུད་དང་མི་ཉམས་ཡུན་དུ་གནས་ནི་ལུ་དམིགས་ཏེ་ ང་བཅས་ཚོགས་པ་གིས་འགོ་འདྲེན་ཐོག་ལུ་ འབྲུག་ལས་བཟོ་མི་ཤོག་གུ་ནགཔ་གུ་ལུ་ཡི་གུ་གྲང་གསེར་གྱིས་སྦེ་ལག་བྲིས་འབད་ནི་དེ་ཨིན། ལས་འགུལ་དེ་ཡང་གནམ་ལོ་ ༢༠༢༠ ལུ་འགོ་བཙུགས་ཏེ་ད་རེས་འབད་བའི་སྒང་ར་ཡོདཔ་ཨིན་ནོ།།

ཨཱཿབརྒྱ་དུང་དཀར་ཆོས་གླིང་དགོན་པ་ལུ་མཚམས་བཅད་ནིའི་སྒྲུབ་ཁང་བཟོ་སྐྲུན།

ལས་འགུལ་བཞི་པ་དེ་ མོང་སྒར་རྫོང་ཁག་ ཤེལ་རི་མུ་ཧཱུྃ་རྒེད་འོག་ནང་ཡོད་པའི་ སྦས་ཡུལ་ཨཱཿབརྒྱ་དུང་དཀར་ཆོས་གླིང་དགོན་པ་དེ་ཁར་མཚམས་བཅད་མིའི་ཞལ་གྲངས་བདུན་བཙུགས་ནི་ཨིནམ་ལས། དེ་གྱི་དོན་ལུ་བཞུགས་ཁང་བདུན་དང་ མཚམས་གཡོགཔ་དང་དཀོན་གཉེར་གྱི་བཞུགས་ཁང་བསྡོམས་ད་ ཁང་མིག་དགུ་དེ་ཅིག་གསརཔ་བརྐྱབ་དགོསཔ་ཨིན་རུང་། གནས་སྐབས་ཅིག་ལས་འཆར་གྱི་མ་དངུལ་མེདཔ་ལས་བརྟེན་ལས་འཆར་འདི་འགོ་བཙུགས་མ་ཚུགས་པར་ལུས་ཏེ་ཡོད། ད་རེས་ང་བཅས་ཚོགས་པའི་ཁ་ཐུག་ལས་མ་དངུལ་གྱི་རྒྱབ་སྐྱོར་ཚུ་འཚོལ་བའི་སྒང་ར་ཡོདཔ་ཨིན་ནོ།།